今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

      ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་པེ་ཅིང་ནས་ཚོགས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

    ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་པེ་ཅིང་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་རུ་ལངས་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་འདོམས་བྱེད་པ།ཏང་ཡོངས་དང་རྒྱལ་ཡོངས་ཡིད་ཆེས་ཀྱིས་ཁེངས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཞུགས་པར་སྐུལ་སློང་བྱེད་པ་བཅས་ཀྱི་ཇུས་ཆོད་གལ་ཆེན་ཞིག་ཡིན།ཏང་ཡོངས་ཀྱི་བློ་མཐུན་གྱིས་ལོ་རྒྱུས་སྦྱངས་ཏེ་གནས་ཚུལ་རྟོགས་པ་དང་། ལོ་རྒྱུས་སྦྱངས་ཏེ་ཡིད་ཆེས་བསྐྱེད་པ། ལོ་རྒྱུས་སྦྱངས་ཏེ་སྤྱོད་བཟང་བཀུར་བ། ལོ་རྒྱུས་སྦྱངས་ཏེ་ལག་ལེན་ལ་འབད་པ། ཏང་གི་ལོ་རྒྱུས་སྦྱངས་པ། གོ་རྟོགས་བསྐྱེད་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་བ་བསྐྲུན་པ་བཅས་བྱས་ནས།ཉམས་པ་མེད་པའི་སྤོབས་པ་ཡིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་ཧུར་ཐག་གིས་འབྱེད་དགོས་པ་དང་།ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལི་ཅི། ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས།       

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་ཚོགས་འདུར་མགོ་འཛིན་མཛད། ཞི་ཅིན་ཕིང་གིས་ང་ཚོའི་ཏང་གིས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོར་ནམ་ཡང་མཐོང་ཆེན་བྱས་ཏེ།ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ཀྱིས་སེམས་ཤུགས་རྒྱས་པར་བྱེད་པ་དང་ཁ་ཕྱོགས་གསལ་བར་བྱེད་པ། ཏང་གི་གཟི་བརྗིད་ལྡན་པའི་གོམས་སྲོལ་དང་ཕུལ་དུ་བྱུང་བའི་ཀུན་སྤྱོད་ཀྱིས་ཡིད་ཆེས་བརྟན་པར་བྱེད་པ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བ།ཏང་གི་ལག་ལེན་གསར་གཏོད་དང་ལོ་རྒྱུས་ཉམས་མྱོང་གིས་བློ་སྒོ་འབྱེད་པ་དང་གཤིས་རྒྱུད་བརྡར་བ་བཅས་ལ་གཙིགས་འཛིན་བྱས་ཡོད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སྦྱོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་བླང་བྱ་རབ་དང་རིམ་པ་བཏོན་ཡོད།ང་ཚོའི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དང་།བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལོ་རྒྱུས་སྟེང་མཉམ་དུ་འདྲེས་པའི་གནད་འགག་གི་མཚམས་སུ།ཏང་ཡོངས་སུ་གཅིག་བསྡུས་ཀྱིས་ཏང་གི་ལོ་རྒྱུས་ཀྱི་ སློབ་སྦྱོང་སློབ་གསོ་སྤེལ་བ་ནི་དུས་སུ་འཁེལ་ཞིང་ཧ་ཅང་གལ་ཆེ་ཞེས་ནན་གྱིས་བསྟན།     

ཞི་ཅིན་ཕིང་གིས་ང་ཚོའི་ཏང་གི་ལོ་ངོ་བརྒྱ་ནི་བློ་བརྟན་འགྱུར་མེད་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པའི་ལོ་བརྒྱ་ཡིན་པ་དང་།དཀའ་ངལ་ཁྱད་བསད་ཀྱིས་རྨང་གཞི་བཏིངས་ཤིང་བྱ་གཞག་བསྐྲུན་པའི་ལོ་བརྒྱ་ཡིན་ལ།གྲུབ་འབྲས་གསར་གཏོད་ཀྱིས་མ་འོངས་བགྲོད་ལམ་བཏོད་པའི་ལོ་བརྒྱ་ཡིན།འདས་པའི་འབད་འཐབ་ཀྱི་ལམ་ལ་ཕྱིར་ལྟ་དང་།མ་འོངས་མདུན་སྐྱོད་ཀྱི་ལམ་ལ་རྒྱང་ལྟ་བྱས་ཚེ།ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བཟང་བོ་དང་སྤྱི་སྡོམ་བཟང་བོ་བྱས་ཏེ།ཏང་གི་ཉམས་མྱོང་ལེགས་པོ་རྒྱུན་འཛིན་བཟང་བོ་དང་དར་སྤེལ་བཟང་བོ་བྱེད་དགོས།ཏང་ཡོངས་སུ་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི།ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་སྒྲུབ་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་།དད་མོས་དང་ཡིད་ཆེས་བརྟན་པར་བྱེད་པ་དང་།དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ།ཏང་གིས་རང་ཉིད་གསར་བརྗེ་བྱེད་པ་དང་ཏང་གི་སྐྱེ་སྟོབས་གསོན་ཤུགས་གཏན་དུ་སྲུང་འཛིན་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན།ཏང་ཀྲུང་དབྱང་གིསཏང་ཡོངས་སུ་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་བརྡ་སྦྱོརདཔར་ནས་བཀྲམ་སྟེ། བྱ་བ་འདི་ལ་བཀོད་སྒྲིག་བྱས་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ང་ཚོའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་རྒྱུན་མ་ཆད་པར་ཀྲུང་གོ་ཅན་དུ་བསྒྱུར་བའི་ལོ་རྒྱུས་ཤིག་ཡིན་ལ། རྒྱུན་མ་ཆད་པར་གཞུང་ལུགས་གསར་སྐྲུན་དང་གཞུང་ལུགས་གསར་གཏོད་བྱས་པའི་ལོ་རྒྱུས་ཤིག་ཡིན། ལོ་བརྒྱའི་རིང་ལ། ང་ཚོའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གཅིག་གྱུར་བྱེད་རྒྱུ་དང་། གཞི་རྩ་གསོ་འཕེལ་དང་དག་སྲུང་གསར་སྐྲུན་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་ཡུལ་ཁམས་གསར་བ་རྒྱུན་མ་ཆད་པར་བཏོད་པས།མའོ་ཙེ་ཏུང་གི་དགོངས་པ་དང་ཏིང་ཞའོ་ཕིང་གི་གཞུང་ལུགས།མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་དང་ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་བྱུང་བ་དང་།དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བྱུང་ནས།ཏང་དང་མི་དམངས་ཀྱི་ལས་དོན་གོང་དུ་སྤེལ་བར་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས།ཏང་ཡོངས་ཀྱིས་ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཁྲོད་ནས་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་ཀྲུང་གོར་འགྱུར་བ་ཟབ་མོ་བཏང་བ་དང་འཛམ་གླིང་ལ་འགྱུར་བ་བཏང་བ་ཤེས་པར་བྱེད་པ་དང་།མར་ཁེ་སི་རིང་ལུགས་ཀྱི་བདེན་ ལུགས་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་ངེས་པར་བྱེད་པ།ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ནི་གཅིག་རྒྱུད་གཅིག་འཛིན་ཡིན་ལ་བབ་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་གཞུང་ལུགས་ཀྱི་ངོ་བོར་གོ་བ་སྔར་ལས་ཟབ་མོ་ལེན་པ།ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གི་འཕེལ་རིམ་ལ་སྦྲེལ་ནས།དུས་རབས་གསར་བའི་ཏང་གི་གསར་གཏོད་གཞུང་ ལུགས་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་ནས།རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་ འབྲས་ཆེས་གསར་བས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ།བྱ་བར་སྐུལ་འདེད་གཏོང་བ་བཅས་ལ་སློབ་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།    

ཞི་ཅིན་ཕིང་གིས་ལོ་བརྒྱའི་འབད་འཐབ་ཁྲོད་དུ།ང་ཚོའི་ཏང་གིས་རྟག་ཏུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་བཀོལ་ནས་ལོ་རྒྱུས་ཀྱི་གནས་བབ་ཆེན་པོར་དབྱེ་ཞིབ་དང་ངོས་འཛིན་བྱས་པ་དང་།ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བ་ཡང་དག་པར་ཐག་བཅད་ལ།ལོ་རྒྱུས་ཀྱི་གོ་སྐབས་སྣ་ཚོགས་དམ་པོར་འཛིན་མཁས་པ་དང་བཟང་བོར་བཀོལ་མཁས་པར་བྱས་ཡོད།ཏང་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་སེམས་སུ་བཅངས་པ་དང་།ལོ་རྒྱུས་ཀྱི་འདུ་ཤེས་ཆེན་པོ་བཅངས་ཏེ།ལོ་རྒྱུས་ཀྱི་གཙང་བོ་ཆེན་པོ་དང་དུས་རབས་ཀྱི་རྦ་རླབས་ཆེན་པོ།འཛམ་གླིང་གི་འགྱུར་ལྡོག་ཆེན་པོ་བཅས་ཀྱི་ཁྲོད་དུ་རིམ་འགྱུར་གྱི་རྐྱེན་རྩ་ལ་དབྱེ་ཞིབ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ཞིབ་དཔྱད་བྱས་ནས།སྐབས་བསྟུན་གྱི་འཐབ་ཇུས་ཇུས་གཞི་བཏོན་ཏེ།བྱ་བའི་མ་ལག་ རང་བཞིན་དང་སྔོན་དཔག་རང་བཞིན།གསར་གཏོད་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བར་སློབ་སྟོན་བྱེད་དགོས་ཞེས་ བསྟན། 

ཞི་ཅིན་ཕིང་གིས་ང་ཚོའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པའི་ལོ་རྒྱུས་ཤིག་ཡིན་ལ། ཏང་དང་མི་དམངས་ཀྱིས་གཅིག་སེམས་གཅིག་སྦྲེལ་དང་། སྐྱིད་སྡུག་མཉམ་མྱོང་། ལས་དབང་གཅིག་འབྲེལ་བཅས་བྱས་པའི་ལོ་རྒྱུས་ཤིག་ཡིན། ལོ་རྒྱུས་ལས་རྒྱལ་ཁམས་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་ཁམས་ཡིན་ལ།མི་རྣམས་ཀྱི་བློ་གཏོད་མིན་དེ་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་བ་ར་སྤྲོད་གསལ་པོ་བྱས་ཡོད།མི་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ན།ཏང་གིས་དཀའ་ངལ་ཡོད་ཚད་ཁྱད་དུ་སེལ་ ཐུབ་པ་དང་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད། ཏང་ཡོངས་ཀྱིས་ཏང་གི་ངོ་བོ་དང་དམིགས་བྱར་གོ་བ་ཟབ་མོ་བླངས་ཏེ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་ལ་ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་ཀྱིས་དུས་ནམ་ཡང་མི་དམངས་ནི་ སེམས་ཀྱི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ་དང་།མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་སྒུག་ནི་འབད་འཐབ་ཀྱི་དམིགས་འབེན་དུ་བྱས་ནས།བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱིས་ཕན་འདོགས་པར་སྐུལ་འདེད་གཏོང་བ་དང་།ཐུན་མོང་འབྱོར་ཕྱུག་ཐད་སྔར་ལས་མངོན་པར་གསལ་བའི་ངོ་བོ་རང་བཞིན་གྱི་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ།ཀྲུང་གོ་མི་དམངས་དུང་ཕྱུར14ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་པར་སློབ་སྟོན་བྱེད་དགོས་ཞེས་བསྟན། 

ཞི་ཅིན་ཕིང་གིས་ང་ཚོའི་ཏང་གོམ་པ་རེ་རེ་སྤོ་ཐུབ་པའི་རྒྱུ་མཚན་གལ་ཆེན་ཞིག་ནི་རྒྱུན་མ་ཆད་པར་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་ནུས་པ་ཇེ་ཆེར་བཏང་སྟེ།ཉེན་ཁར་ཁ་གཏད་འཇལ་བ་དང་འགྲན་རྩོད་གདོང་གིས་བསུ་བ།ཉེན་ཁ་བདེ་བར་སྒྱུར་བ་བཅས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་བཏང་བ་དེ་ཡིན།མདུན་སྐྱོད་ཀྱི་ལམ་དུ་སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་སྔར་ལས་བཟང་བོར་ཁ་གཏད་འཇལ་དགོས་ན།ངེས་པར་དུ་ལོ་རྒྱུས་ཀྱི་ཁྲོད་ནས་བློ་སྐྱེད་འབྱུང་དགོས་ལ།ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་དགྲ་ལས་རྣམ་པར་རྒྱལ་བའི་ཐབས་མཆོག་བསྡུ་ལེན་བྱེད་དགོས།ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་དུས་མཚམས་གལ་ཆེན་འདི་དམ་འཛིན་གྱིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་མང་བོ་ཡོད་པའི་རླབས་ཆེན་འཐབ་རྩོད་ནས་རྐང་བཙུགས་ཏེ།ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ལེགས་པོ་འཇལ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ་དང་།དུས་ཚོད་ཅུང་རིང་བོར་ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་བསམ་བློའི་གྲ་སྒྲིག་དང་བྱ་བའི་གྲ་སྒྲིག་བཟང་བོ་བྱས་ཤིང་།རྒྱུན་ཆད་མེད་པར་འཐབ་རྩོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ནས།རྒྱལ་སྲིད་སྐྱོང་བའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས།ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ང་ཚོའི་ཏང་གིས་ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་རྒྱུན་མ་ཆད་པར་སྲུང་འཛིན་བྱས་ཤིང་།གཞན་གྱིས་ཐོར་ཞིག་ཏུ་གཏོང་བ་དང་རུལ་སུངས་སུ་སྒྱུར་བའི་ཉེན་ཁར་རྒྱུན་མ་ཆད་པར་དོགས་ཟོན་བྱས་པའི་ལོ་རྒྱུས་ཀྱང་ཡིན་པས། ཏང་ཡོངས་ཀྱིས་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ཏེ།ཏང་གི་འཛུགས་སྐྲུན་གྱི་དངོས་ཡོད་གནད་དོན་ཐག་གཅོད་པར་དམིགས་ཏེ།རྒྱུན་ཆད་མེད་པར་ཏང་གི་མགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ཆ་ཚད་ཇེ་མཐོ་དང་།རུལ་འགོག་འགྱུར་འགོག་དང་ཉེན་ཁ་བཀག་འགོག་གི་ནུས་པ་ཇེ་ཆེར་གཏོང་དགོས་པའི་སློབ་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།  

ཞི་ཅིན་ཕིང་གིས་ལོ་བརྒྱའི་སྤྱིར་བཏང་མིན་པའི་འབད་འཐབ་ལོ་རྒྱུས་ཁྲོད་དུ།མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་བརྩོན་པ་ཉམས་མེད་དང་འབད་འཐབ་ལྷོད་མེད་བྱས་ཏེ།རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་མང་དུ་བྱུང་བ་དང་།འབད་འཐབ་ལྷོད་མེད་བྱས་པའི་དཔའ་བོ་མང་དུ་བྱུང་ཞིང་།རང་འདོར་གཞན་བསམ་གྱི་སྔོན་ཐོན་མིག་དཔེ་མང་དུ་བྱུང་ནས།རླབས་ཆེན་གྱི་སྙིང་སྟོབས་རབ་དང་རིམ་པ་གྲུབ་པ་དང་།ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གདུང་རབས་བཙུགས་ཏེ།ང་ཚོས་ཏང་འཛུགས་པ་དང་ཏང་དར་བར་བྱེད་པ།ཏང་སྟོབས་དང་ལྡན་པར་བྱེད་པ་བཅས་ལ་འཚོ་བཅུད་གྱ་ནོམ་པ་འདོན་སྤྲོད་བྱས།ཏང་ཡོངས་ཀྱིས་དམར་པོའི་གོམས་སྲོལ་དར་སྤེལ་ཆེན་པོ་དང་།དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ།གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་མཐུད་པ་དང་།གསར་བརྗེ་པའི་ཞུམ་པ་མེད་པའི་འབད་འཐབ་སྙིང་སྟོབས་ནམ་ཡང་སྲུང་འཛིན་བྱས་ནས།འཐབ་ལམ་གསར་པར་བསྐྱོད་པ་དང་དུས་རབས་གསར་བར་ཞུགས་པའི་ཟུངས་ཤུགས་བསྐྱེད་པར་སློབ་སྟོན་བྱེད་དགོས་ཞེས་བསྟན།  

ཞི་ཅིན་ཕིང་གིས་ལངས་ཕྱོགས་གསལ་བོས་ཆབ་སྲིད་ལ་གཙིགས་ཆེན་བྱེད་པ་དང་།ཏང་གི་མཐུན་སྒྲིལ་དང་གཅིག་བསྡུས་གཅིག་གྱུར་ལ་ཁག་ཐེག་བྱེད་པ་ནི་ཏང་གི་ཚེ་སྲོག་ཡིན་ལ།ང་ཚོའི་ཏང་འདི་ལོ་བརྒྱའི་ཏང་ཆེན་པོར་འགྱུར་ཐུབ་པ་དང་དུས་རབས་ཀྱི་རླབས་ཆེན་བྱ་གཞག་བསྐྲུན་ཐུབ་པའི་གནད་འགག་ཡིན།ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ཁྲོད་ནས་དྲང་ཕྱོགས་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་ལ་ཡར་ལྟ་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་བ།རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད།སྦྱོར་བ་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་ གཅིག་གྱུར་ཡོང་བར་བྱེད་པ་དང་།ཏང་ཡོངས་ཀྱི་གོང་འོག་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡོང་བར་བྱས་ཏེ།སེམས་གཅིག་ཏུ་ གཞོལ་བ་དང་ཤུགས་གཅིག་ཏུ་འདོན་པར་སློབ་སྟོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བསམ་བློའི་ལངས་གནས་ཇེ་མཐོར་བཏང་སྟེ། དོན་དངོས་ལ་རྐང་བཙུགས་ཤིང་དག་སྲུང་གསར་གཏོད་བྱས་ཏེ།ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་སློབ་སྦྱོང་སློབ་གསོའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས།གཅིགརྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་དགོས།རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་གཙོ་གཞིའི་འགན་འཁྲི་ཁུར་བ་དང་།མགོ་ཁྲིད་བློ་མཐུན་གཙོ་བོས་དངོས་སུ་འཛིན་པ་དང་མིག་དཔེ་སྟོན་པ།མགོ་ཁྲིད་ལས་ཁུངས་འཛུགས་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གིས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་།ཞིང་ཆེན་དང་རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་ལས་རིགས་ཁོངས་གཏོགས་ཀྱི་གཙོ་འགན་ཁུར་བའི་སྡེ་ ཁག་གི་ཏང་ཙུའུ་དང་ཏང་ཨུས་ཁོངས་གཏོགས་ས་ཁུལ་དང་སྡེ་ཁགལས་ཁུངས་བཅས་ཀྱི་མཛུབ་སྟོན་ཞིབ་བཤེར་ལ་ཤུགས་སྣོན་དགོས།ཏང་ཡོན་དང་ལས་བྱེད་པ་དག་རིམ་པ་དང་ལས་གནས་གང་དུ་ཡོད་ཀྱང་།ཚང་མས་སེམས་ཤུགས་ཡོངས་སུ་བཏོན་ནས་སློབ་སྦྱོང་ལ་བསམ་གཞིགས་ཡོད་པ་དང་།སློབ་སྦྱོང་ལ་གོ་རྟོགས་ཡོད་པ།སློབ་སྦྱོང་ལ་གྲུབ་འབྲས་ཡོད་པ་བཅས་བྱེད་ དགོས།གཉིས།ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་བཅངས་དགོས།ང་ཚོའི་ཏང་གི་ལོ་རྒྱུས་གནད་དོན་སྐོར་གྱི་གྲོས་ཆོད་གཉིས་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་གཞི་འཛིན་སར་བྱས་ཏེ།ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་གཞིའི་གཙོ་ ཐིག་དང་གཙོ་རྒྱུག་ངོ་བོར་ངོས་འཛིན་ཡང་དག་བྱེད་དགོས་པ་དང་།ཏང་གི་ལོ་རྒྱུས་སྟེང་གི་དོན་དག་གལ་ཆེན་དང་ཚོགས་འདུ་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་ངོས་འཛིན་ཡང་དག་དང་ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་དགོས། ལངས་ཕྱོགས་གསལ་བོས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ།བསམ་བློའི་ཁྲིད་སྟོན་དང་གཞུང་ལུགས་ཀྱི་དཔྱད་ ཞིབ་ལ་ཤུགས་བསྣན་ནས། སྔར་ལས་བཟང་བོར་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བས་འཕེལ་ཡོང་བར་བྱེད་དགོས། གསུམ། དངོས་སུ་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་ཁག་སེལ་དགོས།ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་དེ་ཉམས་མྱོང་སྤྱི་སྡོམ་ དང་དངོས་ཡོད་ལྟ་ཞིབ། བྱ་བའི་སྐུལ་འདེད་བཅས་དང་སྦྲེལ་ཞིང་། དོན་དངོས་གནད་དོན་ཐག་གཅོད་པ་དང་སྦྲེལ་ནས། “ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་བཟང་བོར་སྤེལ་ཏེ།སློབ་སྦྱོང་གི་ཕན་འབྲས་དེ་བྱ་བའི་སྒུལ་ཤུགས་དང་ཕན་འབྲས་སུ་བསྒྱུར་ནས། སློབ་སྦྱོང་དང་བྱ་བ“གདོང་ལྤགས་གཉིས”སུ་འགྱུར་བར་དོགས་ཟོན་བྱེད་དགོས། བཞི། བྱེད་ཐབས་སྒྲུབ་སྟངས་གསར་གཏོད་བྱེད་པར་གཙིགས་འཛིན་བྱེད་དགོས།མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་བཟང་བོ་དར་ སྤེལ་བྱས་ཏེ། སློབ་སྦྱོང་གི་རེ་བ་དང་སློབ་སྦྱོང་གི་ལས་འགན་གཏན་ཁེལ་གསལ་བོ་བྱེད་པ་དང་། ནང་དོན་དང་རྣམ་པ། བྱེད་ཐབས་བཅས་གསར་གཏོད་བྱས་ནས།ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས།རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ།གཅིག་བསྡུས་སློབ་སྦྱོང་དང་རང་འགུལ་སློབ་སྦྱོང་གཉིས་ཟུང་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་དང་།ངེས་གཏན་བྱེད་ཐབས་དང་རང་འདེམ་བྱེད་ཐབས་གཉིས་ཟུང་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཁྱད་ཆོས་གསལ་ཞིང་རྣམ་པ་མང་བའི་སློབ་སྦྱོང་སློབ་གསོ་སྤེལ་དགོས།སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས།བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས།སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་ནས།ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ།ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་དེ་མང་ཚོགས་དང་གཞི་རིམ།མི་སེམས་བཅས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས།ཏང་གི་ལོ་རྒྱུས་བརྗོད་གཞིར་བྱས་པའི་རིག་རྩལ་བརྩམས་ཆོས་དང་ལྷག་པར་དུ་གློག་བརྙན་འཕྲིན་གྱི་བརྩམས་ཆོས་གསར་རྩོམ་བྱེད་པར་སྐུལ་མ་གཏོང་བ་དང་།ན་གཞོན་ལོ་ཆུང་གི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱས་ཏེ།དམར་པོའི་གཞི་རྒྱུ་དང་གསར་བརྗེའི་མེ་སྟག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་སེལ་ནས།གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་མཉམ་འཇོག་དགོས་ཞེས་བསྟན།  

ཝང་ཧུའུ་ཉིང་གིས་ཚོགས་འདུར་མགོ་འཛིན་མཛད་སྐབས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཟིལ་ཤུགས་དྲག་ཅིང་མཐོང་རྒྱ་ཆེ་ལ།དགོངས་པ་ཟབ།དེས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་ཟབ་མོ་བྱས་ཡོད་པ་དང་།ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་གཙོ་གནད་དང་བྱ་བའི་བླང་བྱ་གསལ་བཤད་ཟབ་མོ་བྱས་ཡོད་ལ།ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ།ང་ཚོས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད།རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། དངོས་སུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ནས།བསམ་བློའི་གོ་རྟོགས་དང་ཆབ་སྲིད་ལངས་གནས་ཇེ་མཐོར་བཏང་སྟེ།རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་སློབ་སྦྱོང་སློབ་གསོའི་བྱ་བ་བཟང་བོར་འཛིན་དགོས་ཞེས་བསྟན།  

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན།ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་དང་ཀྲུང་ དབྱང་དམག་ཨུའི་ཨུ་ཡོན་བཅས་ཚོགས་འདུར་ཞུགས།  

ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་།ཞིང་ལྗོངས་གྲོང་ཁྱེར་སོ་སོ་དང་ཞིང་ཆེན་གཞོན་པ་རིམ་པའི་གྲོང་ཁྱེར།ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ།མི་དམངས་ཚོགས་པ་སོ་སོ།ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས།ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས།ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོགས་ཚོགས་འདུར་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号