今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། (ཁག་དང་པོ།)

      (2020ལོའི་ཟླ10ཚེས29ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག་གྲོས་འཆམ་བྱུང་།)
    “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས།བབ་བསྟུན་མདུན་སྐྱོད་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་།བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་ལོ་ལྔ་ཚན་དང་པོ་ཡིན།ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་བ”དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབ་བྱ་རྒྱུའི་སྐོར་ལ་གྲོས་གཞི་བཏོན་པ་གཤམ་གསལ་ལྟར།
      དང་པོ།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་བ་ཞིག་གཏོད་དགོས།
      གཅིགཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རིམ་ཞིག་ཡིན།སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་།དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི་བའི་རྒྱལ་ནང་གི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བརྟན་འཇགས་ལས་འགན་དང་།ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་ཚབས་ཆེན་ལ་ཁ་གཏད་གཅོག་པའི་སྐབས་སུ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས།ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཧུར་ཐག་གིས་མདུན་སྐྱོད་དང་། གསར་སྤེལ་གསར་སྐྲུན། འབད་བརྩོན་ལྷོད་མེད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་མཐའ་དག་ལ་སྐུལ་འདེད་བཏང་།ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་ཐད་ལ་ཐོད་བརྒལ་ཆེན་པོ་བྱུང་བ་དང་།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འཕེལ་རིམ་ཆེན་པོ་བྱུང་བ།ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བར་གྲུབ་འབྲས་ཆེན་པོ་བླངས་སྟེ།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་ སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་བ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་དེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་སྔར་ལས་ལྷག་པའི་སྒོ་ནས་མངོན་པར་བྱས་ཡོད།དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ཞིང་།དཔལ་འབྱོར་གྲུབ་ཚུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བས།སྔོན་དཔག་བྱས་ན་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་མོ་ཐེར་ཆེན་གཅིག་ལས་བརྒལ་རྒྱུ་ཡིན་པ་དང་།དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ལ་འཛམ་གླིང་གི་མི་རྣམས་ཀྱིས་དོ་སྣང་བྱེད་བཞིན་ཡོད་ཅིང་།ཞིང་སྡེའི་དབུལ་ཕོངས་མང་ཚོགས་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་བདུན་ཁྲི་ལྔ་དབུལ་ཕོངས་ལས་ཐར་ཞིང་།འབྲུ་རིགས་ཀྱི་ལོ་རེའི་ཐོན་ཚད་བསྟུད་མར་ལོ་ལྔའི་རིང་ལ་རྒྱ་མ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ཡན་བརྟན་འཇགས་ཐུབ་པ་བྱུང་།སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་བྱུང་བ་དང་།ཕྱི་ཕྱོགས་སུ་སྒོ་འབྱེད་པར་མུ་མཐུད་དུ་རྒྱ་སྐྱེད་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་འབྲས་བུ་གཡུར་དུ་ཟ་བ་བླངས།མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་།མཐོ་རིམ་སློབ་གསོ་ཡོངས་ཁྱབ་ཅན་གྱི་དུས་རིམ་དུ་ཞུགས་ཤིང་།མཁར་གྲོང་དུ་གསར་དུ་ལས་ཞུགས་བྱས་པའི་མི་བྱེ་བ་དྲུག་ལས་བརྒལ་ཏེ།འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་སྐྲུན་ཡོད་ལ།གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་ཁྱབ་ཚད་མི་གྲངས་ཐེར་འབུམ་གཅིག་དུང་ཕྱུར་གསུམ་ལས་བརྒལ་བ་དང་།གཞི་རྩའི་རྒན་གསོའི་ཉེན་ཚབ་ཀྱི་ཁྱབ་ཚད་མི་གྲངས་ཐརེ་འབུམ་གཅིག་ཙམ་ཟིན་ལ།པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཆུ་ཚད་རིམ་འཕར་ཆེན་པོ་བྱུང་སྟེ།དམག་དཔུང་རྩ་འཛུགས་ཀྱི་རྣམ་པར་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་།རྒྱལ་ཁབ་བདེ་འཇགས་ཡོང་བར་ཁྱོན་ཡོངས་ནས་ཤུགས་བརྒྱབ་པ་དང་།སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་འཛིན་བྱས་ཡོད།“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་དམིགས་འབེན་ལས་འགན་མི་འགྱངས་བར་ཡོངས་འགྲུབ་བྱེད་པ་དང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ལེན་པར་རེ་བའི་ཁེངས་ཡོད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མདུན་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོས་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་དེ་སྔར་བས་བརྗིད་ཉམས་ཆེ་བའི་སྒོ་ནས་འཛམ་གླིང་གི་ཤར་ཕྱོགས་སུ་ཀྲོང་ངེར་འགྲེངས་ཡོད།ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཀྱང་ཡང་འབད་བསྐྱར་འབད་དང་། ངར་ཤུགས་གཅིག་སྒྲིམ་གྱིས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལས་རྣམ་པར་རྒྱལ་རྒྱུ་ཁག་ཐེག་བཅས་བྱས་ཏེ།དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱས་ཏེ།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།
      གཉིས།རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་དེ་རྙོག་འཛིང་གི་འགྱུར་ལྡོག་ཟབ་མོ་ཞིག་ལ་འཕྲད་ཡོད།དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་ལ།རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་མོད།འོན་ཀྱང་གོ་སྐབས་དང་འགྲན་རྩོད་ཡོད་ཚད་ཀྱི་འཕེལ་རྒྱས་ལ་འགྱུར་ལྡོག་གསར་པ་བྱུང་ཡོད།དེང་དུས་ཀྱི་འཛམ་གླིང་ཉིད་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་བརྒྱུད་བཞིན་ཡོད་ལ།སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཏིང་ཟབ་སྒོས་འཕེལ་རྒྱས་བྱུང་བ་དང་།རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་གཏིང་ཟབ་སྒོས་ལེགས་སྒྲིག་བྱས་ཤིང་།ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་ཞིང་།མིའི་རིགས་ཀྱི་ཐུན་མོང་ལས་དབང་ཚོགས་པའི་འདུ་ཤེས་དེ་མི་ཚང་མའི་སེམས་གཏིང་དུ་ཟུག་ཡོད་ཅིང་།དེའི་མཚུངས་སུ།རྒྱལ་སྤྱིའི་ཁོར་ཡུག་ཉིན་བཞིན་རྙོག་འཛིང་དུ་འགྱུར་བཞིན་ཡོད་པ་དང་།བརྟན་འཇགས་མིན་པ།ངེས་གཏན་མིན་པའི་རང་བཞིན་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་འདུགཔྲོག་གསར་གློ་ཚད་རིམས་ནད་ཀྱི་ཤན་ཤུགས་རྒྱ་ཆེ་ལ་གཏིང་ཟབ་པ་དང་། དཔལ་འབྱོར་གོ་ལ་ཅན་ལྡོག་རྒྱུན་དང་འཕྲད་ཅིང་།འཛམ་གླིང་ཉིད་གཡོ་འགུལ་འགྱུར་བ་བྱུང་བའི་དུས་སྐབས་སུ་ཞུགས་པ་དང་།ཕྱོགས་གཅིག་རིང་ལུགས་དང་།སྲུང་སྐྱོང་རིང་ལུགས།བཙན་དབང་རིང་ལུགས་བཅས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འཇིགས་ཉེན་བཟོ་བཞིན་ཡོད།རང་རྒྱལ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་འགྱུར་ཡོད་པས། ལམ་ལུགས་ཀྱི་ཁྱད་སྟོབས་མངོན་གསལ་ཡིན་པ་དང་།བཅོས་སྐྱོང་གི་ཕན་ནུས་རིམ་འཕར་སོང་ཡོད་ལ།དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་།དངོས་པོའི་རྨང་གཞི་གཏིང་འཐུག་པ།མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།ཁྲོམ་རའི་བར་སྟོང་རྒྱ་ཆེ་བ།འཕེལ་རྒྱས་སྟོབས་ཤུགས་ཆེ་བ་དང་།སྤྱི་ཚོགས་ཆེ་ཕྱོགས་བརྟན་འཇགས་ཡིན་པ་བཅས་ཀྱིས་མུ་མཐུད་དུ་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་ཐད་ཀྱི་དགེ་མཚན་དང་ཆ་རྐྱེན་ལྡན་པ་དང་།དེའི་མཚུངས་སུ།རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་།ཁྱབ་ངས་གཙོ་བོའི་གནད་འགག་ལྷུ་ལག་ལ་བཅོས་བསྒྱུར་བྱེད་པའི་འགན་ཁུར་དཀའ་ཚེགས་ཆེ་བ་དང་།གསར་སྐྲུན་ནུས་པ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མི་འཚམ་པ་དང་།ཞིང་ལས་ཀྱི་རྨང་གཞི་ད་རུང་བརྟན་པོ་མིན་པ།མཁར་གྲོང་ས་ཁོངས་ཀྱི་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་བར་ཁྱད་ཅུང་ཆེ་བ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྕི་ལ་ཡུན་རིང་བ་དང་།དམངས་ཚིས་འགན་སྲུང་ལ་ཆད་ལྷག་གནས་ཡོད་པ་དང་།སྤྱི་ཚོགས་བཅོས་སྐྱོང་ལ་ད་དུང་ཞན་ཆ་ཡོད་པ་བཅས་རེད།ཏང་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་ཉིད་ལོ་ངོ་བརྒྱའི་རིང་ལ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བྱེད་དགོས་ན།རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་གྱུར་བའི་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་ལེན་པ་དང་།སྣེ་མང་རྙོག་འཛིང་གི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་བ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བླངས་ཏེ།གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་འཛུགས་པ་དང་།འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་སྲུང་དང་།རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ།འཕེལ་རྒྱས་ཀྱི་ཆོས་ཉིད་ངོས་འཛིན་དང་ཁོང་དུ་ཆུད་པ།འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།ཚད་མཐའི་བསམ་གཞིགས་ཆགས་སུ་འཇུག་པ།ཡང་དག་ངེས་འགྱུར།ཚན་རིག་བསྟུན་འགྱུར།རང་འགུལ་རེ་འགྱུར་བཅས་བྱས་ཏེ། ཉམས་ཉེན་ཁྲོད་གོ་སྐབས་བརྩོན་ལེན་བྱེད་མཁས་པ་དང་།འགྱུར་ལྡོག་ཁྲོད་རྣམ་པ་གསར་བ་གཏོད་ཐུབ་པར་བྱས་ནས། གོ་སྐབས་དམ་འཛིན་དང་། འགྲན་རྩོད་ལ་ཁ་གཏོད་པ། ཕན་པ་དོན་དུ་གཉེར་བ་དང་གནོད་པར་གཡོལ་བ། དཔའ་ངར་
ཆེན་པོས་མདུན་དུ་སྐྱོད་པ་བཅས་བྱ་དགོས།
      གསུམ།ཉིས་སྟོང་སོ་ལྔ་ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པའི་རྒྱང་རིང་གི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དུས་རིམ་གཉིས་སུ་བགོས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ་སྟེ།ཉིས་སྟོང་སོ་ལྔ་ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱ་དགོས་པ་དང་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་།དམངས་གཙོ།དཔལ་ཡོན།འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་བསྐྲུན་རྒྱུ་དེ་རེད།ཉིས་སྟོང་སོ་ལྔ་ལོར་རྒྱང་ལྟ་བྱས་ན།རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་།ཚན་རྩལ་དངོས་ཤུགས།ཕྱོགས་བསྡུས་རྒྱལ་ཤུགས་བཅས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུ་ཡིན་པ་དང་།དཔལ་འབྱོར་སྤྱི་གྲངས་དང་མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་ཡིན་ཞིང་།གནད་འགག་གི་ལག་རྩལ་གཙོ་བོར་ཐོད་བརྒལ་ཆེན་པོ་ནས་གསར་སྐྲུན་རང་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་རྒྱུ་ཡིན་པ་དང་།དཔེ་དབྱིབས་གསར་བའི་བཟོ་ལས་ཅན་དང་།ཆ་འཕྲིན་ཅན།མཁར་གྲོང་ཅན།ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ།དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཅིག་བསྐྲུན་རྒྱུ་ཡིན་པ་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་ཡོང་བ་དང་།མི་དམངས་འདྲ་མཉམ་གྱིས་ཞུགས་པ་དང་།འདྲ་མཉམ་གྱི་འཕེལ་རྒྱས་ཁེ་དབང་གང་ལེགས་སྒོས་འགན་སྲུང་བྱེད་པ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ།ཁྲིམས་སྐྱོང་རྒྱལ་ཁབ་དང་།ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པར་བྱ་དགོས་ཤིང་།རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་དང་།སློབ་གསོའི་རྒྱལ་ཁབ་སྟོབས་ལྡན།འཇོན་མིའི་རྒྱལ་ཁབ་སྟོབས་ལྡན།ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན།བདེ་ཐང་གི་ཀྲུང་གོ་བཅས་བསྐྲུན་ཐུབ་པ་བྱས་ནས་རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་པ་དང་།རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ།ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བ་རོལ་སྟངས་རྒྱ་ཁྱབ་དུ་བཏང་ནས་ཐཱན་ཕྱིར་འབུད་བྱེད་ཚད་མཐོ་ས་ནས་བརྟན་འཇགས་ཀྱིས་མར་ཆག་པ་དང་།སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་སོང་སྟེ།མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་འབེན་ཕལ་ཆེར་མངོན་འགྱུར་འབྱུང་དགོས།ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་གསར་པ་ཆགས་པ་བྱས་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ཁྱད་སྟོབས་གསར་བ་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་པ་དང་།མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་འབྲིང་རིམ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པ་དང་།ཡོང་སྒོ་འབྲིང་གྲས་ཀྱི་ཚོགས་སྤྱི་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བ།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་མངོན་འགྱུར་བྱེད་པ།མཁར་གྲོང་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་དང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱི་བར་ཁྱད་མངོན་གསལ་གྱིས་ཇེ་ཆུང་དུ་གཏོང་བ།བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ།རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས།མི་དམངས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་དང་།མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ།དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་འབྱུང་དགོས།
     གཉིས་པ།“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ།
      བཞི།“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པ།བཞི་བ།ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས།མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་།གཞི་རྩའི་ལམ་ཕྱོགས།གཞི་རྩའི་ཇུས་གཞི་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།དཔལ་འབྱོར་འཛུགས་སྐྲུན་དང་།ཆབ་སྲིད་འཛུགས་སྐྲུན།རིག་གནས་འཛུགས་སྐྲུན།སྤྱི་ཚོགས་འཛུགས་སྐྲུན།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་བྱེད་དགོས་པ་དང་།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་།ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་།བློ་བརྟན་འགྱུར་མེད་ཀྱིས་གསར་སྐྲུན་དང་།མཐུན་སྦྱོར། ལྗང་མདོག སྒོ་ འབྱེད།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་དངོས་འབེབ་བྱས་ནས།བརྟན་འཇགས་ཀྱི་ཁྲོད་ནས་བྱ་བ་ཡོངས་རྒྱུན་འཁྱོངས་དང་།སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་རྒྱུ་བརྗོད་བྱར་འཛིན་པ།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། བཅོས་བསྒྱུར་གསར་སྐྲུན་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་པ།འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་དང་།དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་གྲུབ་ཚུལ་གཙོ་བོར་བྱེད་པ་དང་།རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་གསར་བའི་རྣམ་པ་གང་མགྱོགས་ཀྱིས་འཛུགས་པ།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ།དཔལ་འབྱོར་བརྟན་འཇགས་ཀྱིས་ཡུན་རིང་འཕེལ་རྒྱས་འགྲོ་བ་དང་།སྤྱི་ཚོགས་བརྟན་འཇགས་དང་འཆམ་མཐུན་ཡོང་བ་བཅས་བྱས་ཏེ།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མགོ་ཡག་པོ་ཞིག་འཛུགས་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号