今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཞི་ཅིན་ཕིང་གིས། གཟི་བརྗིད་ནི་ངལ་རྩོལ་པར་དབང་བ་དང་བདེ་སྐྱིད་ཀྱང་ངལ་རྩོལ་པར་དབང་ཡོད།

       རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་གཟེངས་རྟགས་སྤྲོད་པའི་ཚོགས་ཆེན་སྤྱི་ཚེས་24 ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་།སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
       ཞི་ཅིན་ཕིང་གིས། གཟི་བརྗིད་ནི་ངལ་རྩོལ་པར་དབང་བ་དང་བདེ་སྐྱིད་ཀྱང་ངལ་རྩོལ་པར་དབང་ཡོད། སྤྱི་ཚོགས་རིང་ལུགས་ནི་ལས་དོན་སྒྲུབ་པ་ལས་བྱུང་བ་དང་། དུས་རབས་གསར་པ་ནི་འབད་འཐབ་ལ་བརྟེན་ནས་བྱུང་ཡོད། ངལ་རྩོལ་དཔེ་བཟང་ནི་མི་རིགས་ཀྱི་ཕུལ་བྱུང་མི་སྣ་དང་མི་དམངས་ཀྱི་མིག་དཔེ།སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་པ་བཅས་ཡིན།རང་རྒྱལ་ནི་མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཅིག་ཡིན་པ་དང་།ཏང་དང་རྒྱལ་ཁབ་ཀྱིས་སྔ་བར་ཕྱི་གསུམ་དུ་བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་མཛད་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་།བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཁྲོད་བཟུང་བའི་གནས་བབ་གལ་ཆེན་ལ་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་བྱེད་པ་དང་།ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པས་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་པོ་བྱེད་ཀྱི་ཡོད།གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་།གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ།གོང་འཕེལ་གྱི་གནས་སྟངས་གསར་པ་འགྲུབ་པ་བྱེད་པ།སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་ངེས་པར་དུ་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དམ་པོར་བརྟེན་དགོས།རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཏང་ཀྲུང་ དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ།གསར་གཏོད་ཀྱི་ལས་ལ་བརྩོན་པ་དང་འབད་འཐབ་བྱེད་ཕོད་པ་བྱས་ནས།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པའི་སྟེང་དུས་རབས་ཀྱི་འོད་སྟོང་གསར་པ་གཏོད་པ་དང་།ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་པ། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱང་གནང་བ་རེད།
      སྔ་དྲོའི་ཆུ་ཚོད་10པར།ཚོགས་ཆེན་འགོ་ཚུགས་པ་དང་།ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད།       
      ཝང་ཧུའུ་ཉིང་གིས་༼ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས༽སྒྲོག་སྦྱང་གནང་བ་རེད། གཏན་འབེབས་ནང་བསྟན་དོན། སྤྱི་ལོ་2015ལོའི་ཚུན། ལས་རིགས་ཁག་ནང་ལས་གཅེས་ལས་བཀུར་དང་། དཀའ་སྤྱད་གསར་སྐྲུན། འགན་འཁྲི་འཁུར་ཕོད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣ་འབོར་ཆེན་ཞིག་ཐོན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་1689ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་། མི་804ལ་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་གནང་ཡོད།  
      དགའ་སྤྲོའི་རོལ་དབྱངས་ཁྲོད།རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པའི་འཐུས་མིས་རིམ་པས་བཞིན་ཀྲུའུ་ཞི་སྟེགས་བུའི་ཐོག་བསྐྱོད་པ་དང་།ཞི་ཅིན་ཕིང་སོགས་ནས་ཁོང་རྣམ་པར་གཟི་བརྗིད་ལག་ཁྱེར་སྤྲད་གནང་ཡོད།   
      ཀྲུང་གོ་མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་ཧྲེན་ཡང་ལི་མིང་མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་ཚད་ཡོད་འགན་འཁྲི་ཀུང་སིའི་མཐོ་རིམ་ལག་རྩལ་པ་ཧུང་ཅ་ཀོང་གིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པའི་ཚབ་ཞུས་ཏེ་གྲོས་འགོའི་ཡི་གེ་སྒྲོག་སྦྱང་གནང་བ་དང་།བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་མཁན་གྱི་སྣེ་ཁྲིད་པ་དང་། བྱས་རྗེས་རླབས་པོ་ཆེ་འཇོག་མཁན་གྱི་གཙོ་ཤུགས་དམག འཇོན་ནུས་ཆེ་བའི་འབད་འཐབ་པ།མཐུན་སྒྲིལ་ལ་བརྟེན་ནས་ཞི་མཐུན་ལ་སྐུལ་འདེད་གཏོང་མཁན་གྱི་སྣེ་ཁྲིད་པ་བཅས་ལ་འགྱུར་རྒྱུར་བརྩོན་ལེན་བྱ་དགོས་པའི་གྲོས་འགོ་བཏོན་ཡོད།
      ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད།ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས།དུས་ཡུན་རིང་པོའི་ནང་།ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་མེས་རྒྱལ་དང་མཉམ་དུ་འཚར་ལོངས་ཡོང་བ་དང་དུས་རབས་དང་མཉམ་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ང་ཚོ་བཟོ་པར་སྟོབས་ཤུགས་ཡོད་ཅེས་པའི་བརྗོད་དོན་གཙོ་བོའི་དབྱངས་རྟ་བསྒྲགས་པ་དང་།འཐབ་ཕྱོགས་ཁག་ནང་དཔའ་བོ་གྲངས་མེད་ཐོན་ཡོད།ལྷག་པར་དུ་དུས་རབས་གསར་པར་སླེབས་ཚུན།རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་རླབས་ཆེའི་འཕེལ་རིམ་ནང་དཀའ་སྤྱད་འབད་འཐབ་དང་།རྩེ་གྲར་གྱུར་བ།ཡང་རྩེར་འཛེགས་ཕོད་པ་བཅས་བྱས་ཏེ།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་གཙོ་ཤུགས་དམག་གི་ནུས་པ་བཏོན་པ་དང་།བློ་རིག་དང་རྔུལ་ཆུར་བརྟེན་ནས་ངལ་རྩོལ་ནི་གཟི་བརྗིད་ཡིན་པ་དང་།ཤེས་ཡོན་ནི་བླ་ན་མེད་པ་ཡིན་པ།ཤེས་ལྡན་མི་སྣ་རྩ་ཆེར་འཛིན་པ།རླབས་ཆེན་གསར་གཏོད་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་བཏོད་དེ་“ཀྲུང་གོའི་ ཕུགས་འདུན། ངལ་རྩོལ་ནི་གཟི་བརྗིད་ཡིན”ཞེས་པའི་ལེའུ་གསར་པ་བརྩམས་ཡོད།   
     ཞི་ཅིན་ཕིང་གིས།ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་།ངལ་རྩོལ་སྙིང་སྟོབས།བཟོ་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་དགོས།ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས།བཟོ་པའི་སྙིང་སྟོབས་བཅས་ནི་རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་མི་རིགས་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་ཀྱིས་སྲོག་ཤིང་བྱས་པའི་དུས་རབས་སྙིང་སྟོབས་ཀྱི་གསོན་ཉམས་དོད་པའི་མངོན་ཚུལ་ཞིག་རེད་ལ།ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དྲག་ཆར་རླུང་འཚུབ་ལ་མ་འཛེམ་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་རེད།ངལ་རྩོལ་ནི་བདེ་སྐྱིད་ཀྱི་འབྱུང་རྩ་རེད།དུས་བབ་གསར་པའི་འོགརང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་མུ་མཐུད་དུ་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་གྱི་རྗེས་སུ་བསྙེག་པ།རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ།ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པའི་བླ་མེད་སྙིང་སྟོབས་དང་བླ་མེད་གཤིས་སྤྱོད་ཀྱིས་རང་ཉིད་ལ་སྐུལ་ལྕག་བྱེད་པ་བཅས་བྱས་ཏེ།དཀའ་སྤྱད་ངལ་རྩོལ་དང་གཞུང་དྲང་ངལ་རྩོལ།གསར་གཏོད་རང་བཞིན་གྱི་ངལ་རྩོལ་བཅས་རང་རྟོགས་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས།རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངལ་རྩོལ་དཔེ་བཟང་ལ་བརྩི་བཀུར་དང་།ངལ་རྩོལ་དཔེ་བཟང་ལ་གཅེས་སྐྱོང་གིས་ངལ་རྩོལ་དཔེ་བཟང་གི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།སྤྱི་ཚོགས་ཡོངས་གིས་ངལ་རྩོལ་ལ་བརྩི་མཐོང་དང་སྤྱོད་ཡོན་གཉིས་ལྡན་ལ་སློབ་སྦྱོང་གིས་ངལ་རྩོལ་གཟི་བརྗོད་ཆེ་ཤོས་སུ་བརྩི་བ་དང་།ངལ་རྩོལ་ཆེས་བླ་ན་མེད་པར་བརྩི་བ།ངལ་རྩོལ་ཆེས་རླབས་ཆེན་པོར་བརྩི་བ།ངལ་རྩོལ་ཆེས་མཛེས་ཤོས་སུ་བརྩི་བ་བཅས་ཀྱི་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་དགོས།ངལ་རྩོལ་གྱིས་བདེ་སྐྱིད་གཏོད་ཅེས་པ་བརྗོད་དོན་གཙོ་བོར་བཟུང་བའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་དགོས་པ་དང་།ངལ་རྩོལ་སློབ་གསོ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་ངལ་རྩོལ་ལ་དགའ་ཞེན་དང་དཀའ་སྤྱད་ངལ་རྩོལ་བྱེད་པ།ངལ་རྩོལ་བྱེད་མཁས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ངལ་རྩོལ་པ་མི་རབས་མང་པོ་གསོ་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།    
     ཞི་ཅིན་ཕིང་གིས།བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།བཟོ་པའི་གྲལ་རིམ་ནི་རང་རྒྱལ་གྱི་འགོ་ཁྲིད་གྲལ་རིམ་དང་།སྔོན་ཐོན་ཐོན་སྐྱེད་ནུས་པ་དང་ཐོན་སྐྱེད་འབྲེལ་བའི་ཚབ་མཚོན་པ།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་གཙོ་ཤུགས་དམག་བཅས་རེད།རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་།བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་བདག་པོ་ཡག་པོ་ཞིག་བྱས་ནས་དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་དགོས།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་བའི་སྤྱི་ཡོངས་གནས་བབ་ལ་གཞི་ཚུགས་པ་དང་ཏང་ཀྲུང་དབྱང་གིས་བསྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ལ་གནང་བའི་འཐབ་ཇུས་བཀོད་སྒྲིག་ལ་གཞི་ཚུགས་ཏེ།ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་རྒྱ་ཆེ་གཏིང་ཟབ་ངང་སྤེལ་ཏེ་མང་ཚོགས་རང་བཞིན་གྱི་གསར་གཏོད་བྱེད་སྒོའི་ནང་ཧུར་ཐག་ཞུགས་དགོས།ལོ་རྒྱུས་ཀྱི་འགན་སེམས་དང་འགན་འཁྲིའི་སེམས་པ་ཤུགས་ཆེར་གཏོང་བ་དང་།རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ན་ད་གཟོད་ཡག་པོ་དངོས་བྱུང་བའི་འདུ་ཤེས་ཟབ་ཏུ་གཏོང་བ། རང་རྟོགས་ངང་གནས་བབ་ཆེན་པོར་སྲུང་སྐྱོབ་བྱེད་པ་དང་གནས་བབ་ཆེན་པོར་ཞབས་ཞུ་བསྒྲུབ་དགོས། བཟོ་པའི་གྲལ་རིམ་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་དང་།བཟོ་པའི་གྲལ་རིམ་དང་དེ་མིན་གྱི་ངལ་རྩོལ་མང་ཚོགས་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ།དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་བའི་སེམས་ཤུགས་དང་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཏང་གིས་སྲིད་འཛིན་པའི་གཞི་རྟེན་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། བྱང་ཚད་མཐོ་བའི་ངལ་རྩོལ་དཔུང་ཆེན་འབད་པ་ཆེན་པོས་འཛུགས་སྐྱོང་བྱེད་དགོས། ངལ་རྩོལ་པའི་བྱང་ཚད་འདི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་ཆ་མཚོན་ན་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་རེད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བཟང་པོ་འཛུགས་ཏེ་སློབ་སྦྱོང་བྱེད་མཁས་པ་དང་བསམ་བློ་གཏོང་རྒྱུར་དགའ་བའི་གོམས་གཤིས་ཆགས་པ་བྱེད་པ་དང་།སློབ་སྦྱོང་ལ་བརྟེན་ནས་ཀུན་སྤྱོད་སྐྱོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་བྱས་ནས་གོ་ཆོད་པ་བཅས་བྱེད་དགོས། རེ་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དགོས་མཁོ་དང་མཐུན་དགོས་པ་དང་།དཀའ་སྤྱད་སྦྱོང་བརྡར་དང་།ཞིབ་འཇུག་གཏིང་ཟབ་བྱས་ཏེ་རྩལ་ནུས་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས།ལག་རྩལ་བཟོ་པ་གསོ་སྐྱོང་དང་བཀོལ་སྤྱོད།གདེང་འཇོགདཔྱད་དཔོག་བཅས་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་དེ་དོན་འཁྱོལ་བྱས་ཏེ་རྩལ་ནུས་བྱང་ཆུབ་པའི་ཤེས་ལྡན་མི་སྣ་དང་རྒྱལ་ཁབ་ཆེན་པོའི་བཟོ་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།གསར་གཏོད་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་གསར་གཏོད་ཀྱི་བསམ་བློ་གསོ་སྐྱོང་གིས་བློ་རྩ་བརྟན་པོས་གསར་གཏོད་བྱེད་པའི་བློ་སྟོབས་དང་གཞན་གྱི་མདུན་དུ་ཤོར་ཕོད་པའི་ངར་ཤུགས།ཡར་ངོའི་ཟླ་ལྟར་འཕེལ་བའི་སྐྱེ་སྟོབས་བཅས་མངོན་དགོས།ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་ཡོད་པ་དང་དད་སེམས་སྲུང་བ། ལག་རྩལ་ཤེས་ཤིང་གསར་གཏོད་བྱེད་མཁས་པ།འགན་འཁྲི་འཁུར་ཕོད་ཅིང་ལེགས་སྐྱེས་འབུལ་སྤྲོ་བ་བཅས་ཀྱི་རྒྱ་ཆེ་བའི་ཐོན་ལས་བཟོ་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།
     ཞི་ཅིན་ཕིང་གིས། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་གཏོང་དགོས།མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་རིག་ལམ་རྒྱུན་འཁྱོངས་བྱེད་པ་དང་།བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱེད་པ།བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས། ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་ལས་ཀའི་མངོན་གསལ་དོད་པའི་གནས་སུ་འཇོག་པ་དང་།ངལ་རྩོལ་པའི་ཡོང་འབབ་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་བ།རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པ།ངལ་རྩོལ་གྱི་བདེ་འཇགས་དང་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་བཏང་ནས།རྒྱ་ཆེའི་ངལ་རྩོལ་པས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་གཏོད་དང་མཉམ་སྤྱོད་ཐུབ་པ་བྱེད་པ་དང་།དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས།དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།ཏང་དང་སྲིད་གཞུང་གི་བྱམས་བརྩེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སེམས་དབུས་སུ་སླེབས་པ་བྱས་ནས།ཁོང་ཚོས་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱ་དགོས།སྲིད་ཏང་གིས་གཙོ་ཁྲིད་བྱེད་པའི་དབང་སྲུང་ཞབས་ཞུའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་།ངལ་རྩོལ་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད་ཁྲིམས་ལུགས་དང་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱ་དགོས་ཞེས་བསྟན་གནང་ཡོད།
     ད་ལོ་ནི་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དབུ་བརྙེས་ནས་ལོ་ངོ་༩༥འཁོར་བ་དང་ཏག་ཏག་འཁེལ་བས། ཞི་ཅིན་ཕིང་གིས་ཏང་གི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་ཐད་ལེགས་སྐྱེས་གལ་ཆེན་འབུལ་མཁན་གྱི་བཟོ་ཚོགས་ཀྱི་ལས་དོན་པ་རྒན་རབས་པ་རྣམས་དང་།རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་བཟོ་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བཟོ་ཚོགས་ཀྱི་ལས་བྱེད་པ།རྒྱ་ཆེའི་ལས་བཟོ་པ་དང་བཟོ་ཚོགས་ཀྱི་ལས་མི་ཧུར་བརྩོན་ཅན་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།ཞི་ཅིན་ཕིང་གིས།བཟོ་ཚོགས་ཀྱིས་ལོ་ངོ་95སོང་ཚུན་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམ་ རྒྱག་དགོས་པ་དང་།བཟོ་ཚོགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་དགོས།རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་སྲིད་འཛིན་པའི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་མཐོ་ཚད་ཐོག་ནས། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱེད་པ་དང་།བཟོ་ཚོགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སྒྲིག་བྱེད་པ།བཟོ་ཚོགས་ཆེད་འགན་འཁྲི་ལེགས་སྒྲུབ་བྱེད་པ་དང་ནུས་པ་འདོན་སྤེལ་བྱ་ཆེད་ཆ་རྐྱེན་སྔར་ལས་ལྷག་པ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
    ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཐོག་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་རླབས་པོ་ཆེའི་ཁྲོད་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་པའི་གནས་བབ་དང་ནུས་པ་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་དང་།རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པའི་གཟེངས་སུ་ཐོན་པའི་ལེགས་སྐྱེས་དང་བླ་ན་མེད་པའི་སྙིང་སྟོབས་ཁས་ལེན་གང་ལེགས་གནང་ཡོད།ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དཀའ་ངལ་ལ་མི་སྐྲག་པ་དང་འཐབ་རྩོད་གང་ལེགས་བྱེད་ཕོད་པའི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་བསྔགས་བརྗོད་གང་ལེགས་གནང་བ།ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་།ངལ་རྩོལ་སྙིང་སྟོབས།བཟོ་པའི་སྙིང་སྟོབས་བཅས་དར་སྤེལ་གང་ལེགས་གཏོང་དགོས་ཞེས་ཁ་གསལ་བསྟན་གནང་བ། བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བྱང་ཚད་མཐོ་བའི་ངལ་རྩོལ་མི་ཚོགས་འཛུགས་སྐྱོང་བྱེད་པ་དང་།ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་ཡག་པོ་དང་།སྲུང་སྐྱོང་ཡག་པོ།གོང་འཕེལ་ཡག་པོ་གཏོང་དགོས་ཞེས་བསྟན་གནང་ཡོད།ཁོང་གི་གསུང་བཤད་ལ་བསམ་བློའི་རང་བཞིན་དང་།མཛུབ་སྟོན་རང་བཞིན།དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས།དེ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་།ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་དགོས།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་གསར་པའི་སྒོ་མོ་ཕྱེ་ནས།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བསྟན་གནང་ཡོད།
     ཏིང་ཞུའེ་ཞང་དང་། ཀྲང་ཡའུ་ཞ། ཁྲེན་ཞི། ཧུའུ་ཁྲུན་ཧྭ། ཧོང་ཁུན་མིང་། ཡའུ་ཆོན། ཀྲང་ཁྲུན་ཞན། ཝང་ཏུང་མིང་། ཞའོ་ཅེ། ཀྲང་ཆིང་ལི་བཅས་ཚོགས་ཆེན་ལ་ཞུགས་ཡོད།
     ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་ཚན་པ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི།སྤྱི་ལོ་༢༠༢༠ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公网安备 62300102000044号